གདན་རབས་དང་པོ།
གདན་རབས་གཉིས་པ།
གདན་རབས་གསུམ་པ།
གདན་རབས་བཞི་བ།
གདན་རབས་ལྔ་བ།
གདན་རབས་དྲུག་པ།
གདན་རབས་བདུན་པ།
གདན་རབས་བརྒྱད་པ...
གདན་རབས་དགུ་བ།
གདན་རབས་བཅུ་བ།
གདན་རབས་བཅུ་གཅི...
གདན་རབས་བཅུ་གཉི...
གདན་རབས་བཅུ་གསུ...

གདན་རབས་དང་པོ།

༧   འབྲོག་དགེའི་གདན་རབས་མེ་ཏོག་གི་ཚོམ་བུ་ལས།  

ཡོན༷་ཏ༷ན་ལྷུ༷ན་གྲུ༷བ་ཀུ༷ན་དག༷འ་བཀྲ༷་ཤིས༷་དང་། ། 

ཀུ༷ན་དག༷འ་དོ༷ན་འགྲུ༷བ་ངག༷་དབ༷ང་བཟོ༷ད་པ༷འི་ཞབས། །

སང༷ས་རྒྱ༷ས་རི༷ན་ཆེ༷ན་དཀོ༷ན་མཆོ༷ག་ཡོ༷ན་ཏ༷ན་མཚ༷ན། །

ཀུ༷ན་དག༷འ་ད༷ར་རྒྱ༷ས་དཀོ༷ན་མཆོ༷ག་ཆོ༷ས་བཟ༷ང་ཞ༷བས། །

 

དཀོན་མཆོག་བློ་གྲོས་མཉྫུ་གྷོ་ཥའི་མཚན། །

བློ་གྲོས་རྣམ་རྒྱལ་ཀུན་དགའ་ཚོགས་གཉིས་ཞབས། །

ངག་གི་དབང་ཕྱུག་ལ་སོགས་གསུམ་ལྷག་བཅུ། །

གདན་རབས་པད་འཕྲེང་ཚར་དུ་དངར་བ་ལགས། །

ཞེས་གསུངས་པའི་གདན་རབས་དང་པོ་འབྲོག་དགེ་དཔོན་སློབ་ཀྱི་སྐུ་ཚ་དབོན་ཡོན་ཏན་ལྷུན་འགྲུབ་ སྤྱི་ལོ་  ༡༦༤༣ ལོར་སྐུ་བལྟམས་ཤིང་། མི་རྒྱབ་ཀླུ་འབུམ་ཐར་དང་། མ་ཡུམ་བསྭེ་ཟ་ཨ་སྙིང་སྐྱིད་ཟེར། མཁས་གྲུབ་ཀུན་དགའ་དཔལ་བཟང་སོགས་དམ་པ་མང་དུ་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་བཀའ་གསན་སྦྱངས་གནང་ཞིངམཛད་རྗེས་བསམ་བརྗོད་ལས་འདས། ཁྱད་པར་གཙང་བ་འཕྲིན་ལས་རྣམ་རྒྱལ་ལ་རྡོ་རྗེ་འཕྲེང་བའི་དབང་བསྐུར་བ་དང་།ཡང་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་ཕྱུག་སོགས་ལ་མདོ་སྔགས་ཆོས་ཀྱི་བགོ་སྐལ་མང་དུ་འགྱེད་དོ།  སྐུ་ཚེ་སྨད་དུ་རྫོང་འགགས་རྒྱལ་བོ་ཚེ་དབང་གྲགས་རྒྱལ་གྱིས་དབུ་བླར་བཀུར་ཞིང་། ནང་སོ་ཀུན་དགའ་རབ་བརྟན་དབང་ཕྱུག་གིས། སྐུ་དབོན་དམ་པ་འདི་ཉིད་ལྷ་ཡག་དགོན་གྱི་ཁྲི་བར་བསྐོ་བཞག་གནང་། གཞན་ཡང་ས་མོ་མཁར་ཆེན་ཆུ་ཕོ་ནོར་བུའི་གླིང་། མཆོག་རྩེ་སྟག་མོ་རྫོང་། རྫོང་འགགས་རྣམ་རྒྱལ་ཕུན་ཚོགས་རྫོང་སོགས་ཀྱི་མི་དབང་དང་ཡོན་མཆོད་དུ་གྱུར། དཔལ་ལྡན་བཀྲ་ཤིས་སྒང་དང་། ལྷར་ཡག་ལྷུན་འགྲུབ་གླིང་སོགས་རྒྱ་རོང་དགོན་སྡེ་བདུན་གྱི་བདག་པོར་མཛད། འདིས་མཛད་པ་རྒྱ་ཆེ་སྟབས་མཆོག་རྩེའི་ས་སྐྱོང་མི་དབང་རྒྱལ་བོས་ཁོང་ལ་བཀའ་ཡིག་ཐམ་ག་ཁྲི་རྒྱན་ཀོས་བེར་དྲིལ་བུ་ཐེག་ཆེན་བ་སོའི་ཌཱ་མ་རུ་ལྷ་ཆ་མཆོད་ཆ་སོགས་རྒྱ་ནག་གི་ཐོབ་དང་གོ་ས་གནང་། ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེ་ཞིང་འཕྲིན་ལས་ཀྱི་མཛད་རླབས་ཕྱོགས་སུ་ཁྱབ་པའི་མཚན་སྙན་ཆེ་བར་ངེས། སྐུ་ཚེའི་སྨད་དུ། སྐུ་དབོན་ཀུན་དགའ་ལྷུན་འགྲུབ་ཁོང་ནི། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་བཟོ་དབྱིབས་དང་འདྲ་བའི་བྱམས་པ་ལྷ་ཁང་དུ་རྒྱུན་བཞུགས་གནང་། སྐུ་དབོན་ཡོན་ཏན་ལྷུན་འགྲུབ་ཁོང་ནི་སྒར་བའི་ནང་ཆེན་དུ་རྒྱུན་བཞུགས་གནང་བས་སྒར་ཁག་གཉིས་སུ་ཆགས་པ་ཡིན། སྒར་འགབ་མའི་གདན་རབས་ཆོས་སྐྱོང་དོན་འགྲུབ་སོགས་ཡང་སྤྲུལ་རྣམས་ཀྱིས་གཙོ་བོར་བརྐྱངས་ཤིང་།སྒར་གོང་མའི་གདན་རབས་རྣམས་དཔོན་སློབ་ཀྱི་གདུང་རིགས་གཅིག་པའི་དབོན་རྒྱུད་ཀྱིས་བསྐྱངས་པར་གྲགས་ཤིང་གྲུབ་པོ། སྤྱི་ལོ་ ༡༧༢༨ ལོར་སྐུ་གཤེགས་པར་ངེས།   དེ་དག་ལས་ཀྱང་གཅིག་གིས་གཅིག་བླ་མ་བསྟེན་ཅིང་བླ་སློབ་ཀྱི་ཚུལ་དུ་བྱོན་པ་ལས་གཞན་དུ་ཐ་དད་པ་མེད་པ་ནི་འདི་དག་གི་རྣམ་ཐར་ལས་ཤེས་སླའོ།  གདན་རབས་དང་པའོ།

 
 
 

༧མཆོག་སྤྲུལ་ངག་གི་དབང་ཕྱུག་གིས་བྲིས།