སྐུ་འཕྲེང་དང་བོ་དཔོན་སློབ་ཀུན་དགའ་དཔལ་བཟང་། (1629 -1696)

 

མཁས་གྲུབ་མང་བོའི་ཞབས་ཀྱིས་བཅག་ཤིང་གྲུབ་ཐོབ་དུ་མ་འཁྲུངས་པའི་ཡུལ། ལུང་རིགས་སྨྲ་བའི་སེང་ཆེན་སྲབ་མེད་དུ་འཕྱོ་བའི་ཆོས་ཀྱི་དོ་ར། འདུལ་འཛིན་གསེར་རིའི་འཕྲེང་བ་རིམ་བྱོན་གྱི་བསྟི་གནས། རིམ་གཉིས་རྣལ་འབྱོར་གྱི་གདེངས་དང་ལྡན་པ་བཞུགས་པའི་བྱིན་རླབས་ཀྱི་གནས་ཆེན་ལྷ་དང་བླ་མས་ལུང་བསྟན་པའི་སར་གནས་ཀྱི་འོག་མིན་ཆེན་པོ་བསམ་འགྲུབ་ཆོས་ཀྱི་ཕོ་བྲང་ངེས་དོན་དགའ་བའི་ཚལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཕྱག་འདེབས་མཛད་པ་པོ་ནི། འཕྲལ་ཡུན་གྱི་དགོས་འདོད་མ་ལུས་པ་འཇོ་བའི་ནོར་བུ་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ་བོ། རྒྱུ་སྐར་ཁྲོད་ན་ཟླ་བ་དང་གསེར་རིའི་དབུས་ན་ལྷུན་པོ་ལྟར་ས་གསུམ་ན་མངོན་པར་འཕགས་པའི་སྐྱེས་མཆོག་ཞབས་མཐིལ་འཁོར་ལོའི་རྡུལ་ཕྲན་ལ་འཛམ་གླིང་ཆེ་དགུའི་སྤྱི་བོའི་ཅོད་པན་གྱིས་གུས་པར་གཏུགས་པ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག ངེས་པ་དོན་གྱི་གྲུབ་པའི་ཁྱུ་མཆོག་ཆེན་པོ་ཨ་མདོ་བ་ དཔོན་སློབ་ཀུན་དགའ་དཔལ་བཟང་བོ་ཞེས་གྲགས་སྙན་གཡུ་འབྲུག་གི་སྒྲ་དབྱངས་འོག་མིན་གྱི་བར་དུ་ཁྱབ་པ་དེ་ཉིད་ཡིན་ཏེ། ཁོང་ནི་གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་ཞེས་རྭ་ཆེན་རྡོ་རྗེ་གྲགས་པ་ནས་མཁས་གྲུབ་པདྨོའི་འཕྲེང་བ་ཚར་དུ་དངར་བའི་དབོན་རྒྱུད་དུ། རབ་བྱུང་བཅུ་གཅིག་པའི་དཀར་བོ་ཞེས་པ་ས་མོ་སྦྲུལ།སྤྱི་ལོ་༡༦༢༩ལོར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མཚན་དཔེའི་མེ་ཏོག་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བཞད་པ་ཡིན་ནོ། །དེ་ཡང་ཡིན་ཏེ།  ཁོང་གི་རྟོགས་བརྗོད་དབོན་ཀུན་དགའ་ལྷུན་འགྲུབ་ཀྱིས་མཛད་པ་ལས། མགོན་ཁྱོད་གསང་གསུམ་རྡོ་རྗེའི་སྐུ་བརྙེས་ཀྱང་། །བསྟན་འགྲོའི་དོན་དུ་གོམ་སྟབས་བསྒྱུར་བ་བཞིན། །དཀར་བོ་ཞེས་བྱ་ས་མོ་སྦྲུལ་གྱི་ལོར། །ཁྱེད་སྐུ་བལྟམས་པར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ། །དམ་པ་འདི་འཁྲུངས་ལོར་པཎ་ཆེན་རིན་པོ་ཆེས་དགའ་ལྡན་གསེར་ཐོག་བཞེངས། ས་སྐྱ་ཨ་མྱེས་ས་སྐྱའི་གདུངས་རབས་བརྩམས་པ་སོགས་དང་དུས་མཚུངས། དེ་ནས་བཟུང་ད་བར་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བདུན་པ་ཆུ་བྱ་སྤྱི་ལོ་༡༩༩༣ཡན་ཆད་ལོ་སུམ་བརྒྱ་དང་རེ་བཞི་སོང་། དེ་ཡང་ཐོག་མར་དཔོན་སློབ་ཀུན་དགའ་དཔལ་བཟང་བོའི་རིགས་རུས་དང་འབྲེལ་བའི་གཏམ་ཅུང་ཟད་ཅིག་བརྗོད་ན། སྐད་གཉིས་སྨྲ་བ་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ཞེས་མཚན་སྙན་སྲིད་པ་གསུམ་དུ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྐུའི་རིགས་རུས་སུ་འཁྲུངས་ཤིང་ཐུགས་ཀྱི་སྲས་སུ་གྱུར་པ་ནི། སྐད་གཉིས་སྨྲ་བ་རྭ་ཆོས་རབ་ཡིན་ལ། དེ་ཉིད་ཀྱི་སྐུའི་རིགས་ལ་རྭ་ཤར་ནུབ་གཉིས་གྱེས་པ་ལས། ནུབ་པ་མཚན་གསོལ་བ་སློབ་དཔོན་རྭ་ཡེ་ཤེས་སེང་གེ་དང་། དེའི་སྲས་སུ་རྭ་འབུམ་སེང་སོགས་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་སྟེ་འཕགས་པའི་ས་ལ་བཞུགས་པ་ཁོ་ན་འཁྲུངས་སོ། །རྭ་ཤར་བ་གྲགས་པ་ལ་ནི། རྭ་དྷརྨ་སེང་གེ་བ། དེའི་སྲས་རྭ་དཀོན་མཆོག་སེང་གེ། དེའི་སྲས་ཤེས་རབ་རྒྱལ་མཚན་སོགས་མཁས་གྲུབ་ཀྱི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་ཤ་སྟག་བྱོན། རྭ་ཤེས་རབ་རྒྱལ་མཚན་ལ་སྲས་གསུམ་འཁྲུངས་པའི་སྲས་ཆེ་བ་རྭ་བ་རིན་ཆེན་རྒྱལ་མཚན་ནི་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་མཁས་ཤིང་རྡོ་རྗེ་ཐེག་པའི་ལམ་ནས་གྲུབ་པའི་ས་ལ་གཤེགས་ཏེ་སྐུ་ཡོན་ཤིན་ཏུ་ཆེ་བ་བྱུང་བའི་ཡར་འབྲོག་ནུབ་སྟོད་དུ་གཉེན་དང་ཇོ་བོ་སོགས་སྦྱིན་བདག་སྟོབས་ཆེན་མང་བོ་ནས་གཤིན་རྗེ་ལྕགས་མཁར་ལ་དཔེ་བྱས་པའི་མཁར་བཞེངས་ནས་དེར་བཞུགས་པས་རྭ་ལྕགས་མཁར་བ་ཚང་ཞེས་གྲགས་སོ། །དེ་ལ་རིགས་སྲས་ལྔ་ཡོད་པ་ལས་མཆེད་དེ་རྭ་ལྕགས་མཁར་བ་བཅོ་བརྒྱད་དུ་གྱེས་སོ། །སྲས་གསུམ་པ་ཆོས་དབྱིངས་པ་ཉིད་དང་། དེའི་སྲས་བརྩོན་འགྲུས་སེང་གེ དེའི་སྲས་ཆོས་ཀྱི་བསམ་འགྲུབ་དང་། ཆོས་ཀྱི་བཀྲ་ཤིས་གཉིས། དང་བོའི་སྲས་ཤེས་རབ་སེང་གེ ཕྱི་མའི་སྲས་ཚེ་བདག་སྐྱབས་སོ། །ཤེར་སེང་བའི་སྲས་ནི་རྭ་ཤར་བ་ཀུན་དགའ་སེང་གེ་ཞེས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཏཱ་ར་ནཱ་ཐའི་འཁྲུངས་ཡུལ་ཆོས་འཁོར་ལྡིང་གི་ཆོས་གཞི་ཐོག་མར་བཞེངས་མཁན་དང་། ཕྱི་མ་ཚེ་བདག་སྐྱབས་ལ་རིགས་སྲས་གཉིས་ཡོད་དེ། རྭ་ཡེ་ཤེས་རྒྱ་མཚོ་དང་། ཀུན་དགའ་རིན་ཆེན་གཉིས་སོ། །འདི་སྐབས་སུ་རྭ་བའི་རིགས་བརྒྱུད་རྣམས་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་རྭ་བ་རྣམས་ཕྱོགས་ཐམས་ཅད་དུ་འཐོར། ཚེ་བདག་སྐྱབས་ཡབ་སྲས་གསུམ་ཐོག་མར་ལ་སྟོད་ཕྱོགས་སུ་བྱོན། དེར་ཕྱོགས་སུ་འགྲོ་དོན་རབ་ཅིག་བྱུང་། ཡབ་ཀྱང་སྐུ་ཞི་བར་གཤེགས་ཁོང་སྐུ་མཆེད་གཉིས་ཁམས་མི་ཉག་ཕྱོགས་ཀྱི་ཚོང་དཔོན་ཞིག་གིས་གདན་འདྲེན་ཞུས་ནས་ཁམས་སུ་བྱོན། རིམ་གྱིས་མདོ་སྨད་དུ་བྱོན་པ་ལགས་སོ། །དེ་ཡང་ཡིན་ཏེ། རྭ་ཆོས་རྗེ་ཀུན་དགའ་སེང་གེའི་རྣམ་ཐར་ལས། རྭ་རྣམས་གདན་ས་ཕག་མོ་གྲུ་བ་དང་། །འབྲི་གོང་བ་ལ་མོས་ཞེན་ལྷག་པར་ཆེ། །སྤྱན་སྔ་འབྲི་གོང་གླིང་བའང་ཤིན་ཏུ་དགྱེས། །གདན་མཐོང་ལ་སོགས་ཆེ་བ་མཛད་དོ་སྐད། །ནམ་ཞིག་དུས་ཀྱི་འཁྲུགས་པ་མི་ཟད་པ། །ས་འབྲིའི་དགེ་འདུན་སྡེར་བཅས་རྩོད་པ་བྱུང་། །འབྲི་གུང་མཐིལ་དུ་གླིང་ལོག་བྱུང་བའི་ཚེ། །གོང་མའི་ཁྲིམས་ཀྱིས་རྭ་བའི་རིགས་སྐྱེས་པ། །ལ་ལ་ཀོང་པོ་ལ་ལ་ཡ་རྩེ་དང་། །ཁ་ཅིག་ལྷོ་བྲག་འགའ་ཞིག་མདོ་སྨད་སོགས། །ཐ་དད་ཡུལ་རྣམས་ཀུན་དུ་འཕྱན་པར་འགྱུར། །ཞེས་དང་། སྔོན་དུས་ལོངས་སྤྱོད་ལྡན་པའི་མི་ཆེན་ཞིག །བར་དུ་མཐོ་དམན་དར་རྒུད་ཅིར་ཡང་འབྱུང་། །ཡིད་ཅན་སྡུག་བསྔལ་མང་བོ་བྱས་མོད་ཀྱང་། །ཟབ་མོའི་ཆོས་དང་མ་འཕྲད་པ་ཡིས་ལན། །ད་ནི་ཕ་རྒོད་བླ་མའི་བཀའ་དྲིན་གྱིས། །ཐམས་ཅད་ཆོས་སྐུའི་ངང་དུ་ཨ་ལ་ལ། །ཞེས་དང་།   ཕྱི་ནས་རང་གི་ཡུལ་དུ་གདན་ཕབ་ནས། །འགྲོ་བའི་དོན་ཡང་ཅི་རིགས་བྱུང་བ་ལགས། །ཞེས་གསུངས་པའི་ཕྱིར་རོ། །རྭ་ཡེ་ཤེས་རྒྱ་མཚོ་ནི་ཁུ་བོ་ཀུན་དགའ་སེང་གེ་ལས་ཕ་ཆོས་མ་ལུས་པ་གསན་ཁྱད་པར་ཆོས་རྗེ་ཞིང་སྟོན་པ་ལས། ཇོ་ནང་ལུགས་ཀྱི་སྦྱོར་དྲུག་གསན་ནས་བར་དུ་དགེ་བའི་མཚན་མ་མངོན་དུ་གྱུར་པ་སོགས་ཡོན་ཏན་མཐའ་ཡས་པ་མངའ་བ་བྱུང་། དེ་ནས་དུས་འགྱུར་སྐབས་ཡབ་སྲས་གསུམ་བཅས་ལ་སྟོད་ཕྱོགས་སུ་བྱོན་ནས་རྭ་བའི་ཆོས་བརྒྱུད་དང་རིགས་རྒྱུད་མང་དུ་འཕེལ། ཡབ་གནས་དེ་ཉིད་དུ་དབྱིངས་སུ་གཤེགས་པར་མཛད། སྐུ་མཆེད་གཉིས་ནས་མཐའ་འཁོབ་མདོ་སྨད་ཀྱི་ཡུལ་འདི་རང་གི་གདུལ་བྱར་གཟིགས་ནས་ཆེད་དུ་བྱོན། དང་བོ་ཁམས་མི་ཉག་ཕྱོགས་སུ་ལོ་ཁ་ཤས་བཞུགས། རིམ་གྱིས་མདོ་སྨད་ཕྱོགས་སུ་བྱོན། ཝ་ཤུལ་སྡེ་བ་ཞབས་དྲུང་དང་ཡོན་མཆོད་དུ་གྱུར་ནས་གནས་གཞི་དང་གཡོག་རིགས་མི་ཁྱིམ་བརྒྱ་ཕྲག་ཙམ་ཕུལ།   ཆོས་གཞི་ལ་གཙང་སྒར་བ་དང་། གཡོག་རིགས་ཀྱི་སྡེ་བ་གཙང་རི་མའམ་རྭ་རི་མ་ཞེས་གྲགས་པ་དེང་སང་རྭ་རཱ་ཞེས་པ་འདི་ཡིན་པར་མངོན་ཞེས་གསུངས། དབྱར་དུས་ཤིང་ཟའི་ལུང་བ་ཁོ་ན་སྡོད་པ་བྱས་པས་དེར་བླ་གནས་ཀྱི་ཤིང་ཡང་ཡོད་པར་གྲགས། དེའི་རིགས་རྒྱུད་མ་ཆད་པ་ལས་འཁྲུངས་པ་དགེ་སློང་ཀུན་དགའ་དཔལ་བཟང་གིས་ཆོས་གཞི་གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་བཏབས་པས། གནས་མིང་དང་མཚན་བསྒྲགས་ཏེ་འབྲོང་དགེ་སློང་ཚང་ཞེས་འབོད་པས་འབྲོང་དགེ་ཚང་དུ་གྲགས་སོ། །དེ་ལྟར་ཡིན་ཡང་འབྲོག་དགེ་ཞེས་ཕྱིས་སུ་བརྗོད་བདེ་བའི་དབང་གིས་ཀུན་ལ་དེ་ལྟར་གྲགས་པར་སྣང་ངོ་། །དེ་ལྟར་འབྲོང་དགེ་ཞེས་པའི་མིང་དོན་དང་དཔོན་སློབ་ཀུན་དགའ་དཔལ་བཟང་གི་རིགས་རུས་ལ་ཅུང་ཟད་དཔྱད་ནས་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལྟ་བུའི་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ་སྐུ་བལྟམས་པ་ནས་སྐུ་བསྐྱེད་བསྲིང་གི་དུས་སུ་ན་ཕྲ་བྱིས་པའི་སྐབས་སུའང་རང་མགོ་ཐོན་ཙམ་ན་དམ་པའི་ཆོས་ཕྱོགས་ལ་ཐུགས་བློ་སྤྲོ་ཞིང་གཤིས་རྒྱུད་བཟང་བ། བཅོས་མིན་གྱི་ངེས་འབྱུང་རང་ཤུགས་སུ་མངའ་ཞིང་བླ་མ་དཀོན་མཆོག་ལ་དད་མོས་དང་སེམས་ཅན་ལ་བརྩེ་བའི་སྙིང་རྗེ་སོགས་བླ་ན་མེད་པའི་ཡོན་ཏན་གྱིས་ཉེ་བར་བརྒྱན་པའི་བྱིས་པ་རིགས་ཁྱད་པར་བ་གཞན་ཕལ་བ་ལས་ཉེ་བར་འཕགས་པ་ཞིག་ཏུ་ངེས་སོ། །ཆོས་རྗེ་འདི་བ་དགུང་ལོ་གསུམ་བཞེས་པའི་ལྕགས་ལུག་ལོར་ཞྭ་དམར་བདུན་པ་འཁྲུངས་པ་དང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འཇིགས་བྱེད་ཆོས་འབྱུང་བརྩམས་པ་དང་དུས་མཚུངས། ཆོས་རྗེ་ཀུན་དགའ་དཔལ་བཟང་དགོང་ལོ་བདུན་དུ་སོན་པའི་ཤིང་ཕག་ལོར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སྐུ་ཞི་བར་གཤེགས་པ་དང་། ཧལ་ཧ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་འཁྲུངས་པ་སོགས་དང་དུས་མཚུངས། དེ་ནས་ཆེར་སྐྱེས་ཀྱི་སྐབས་ཕ་མས་ཁྱིམ་ཐབ་ལ་སྦྱར་ཀྱང་ཁོང་ཉིད་ཀྱིས་དེ་ལྟར་བྱེད་འདོད་མེད་པར་སྔོན་གྱི་སྨོན་ལམ་བཟང་བོ་དུས་སུ་སྨིན་ཞིང་སྙིང་སྟོབས་བརྩོན་འགྲུས་དྲག་པོ་བསྐྱེད་དེ་དབུས་གཙང་ཕྱོགས་སུ་ཆོས་ཀྱི་ཆེད་དུ་གཅིག་བུར་བྲོས་ནས་ལྷ་ལྡན་དག་པའི་ཞིང་དུ་ཕེབས་ནས་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་མཐའ་ཡས་པ་ལ་མཇལ་ཞིང་བསྟན་འགྲོ་སྤྱིའི་དོན་དུ་སྨོན་ལམ་རྣམ་པར་དག་པས་འཚམས་སྦྱར་བ་སོགས་ལེགས་པའི་བྱ་བ་འབའ་ཞིག་མཛད། དེ་ནས་རིམ་པས་རི་བོ་དགེ་ལུགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས། དེར་གྲྭ་སར་བཞུགས་ཏེ་གཞུང་ལུགས་ཀྱི་ཆོས་བཀའ་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་གཅིག་པུར་གྱུར་པ་ཚད་མ་དང་། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ། དབུ་མ་མཛོད་འདུལ་བཅས་མཚན་ཉིད་ཕྱོགས་ཀྱི་གཞུང་པོད་ལྔ་ལ་སྦྱངས་བརྩོན་ཁྱད་པར་བ་མཛད་པས་རིང་བོར་མ་ཐོག་པར་མཁས་པའི་གྲགས་པ་ཕྱོགས་སུ་འབར། དེ་ནས་སྡེ་སྲིད་སྟག་ཚ་རིན་པོ་ཆེ་ཁོང་གི་ཕོ་བྲང་དུ་ཆོས་རྗེ་ཉིད་གདན་དྲངས་ཤིང་མཆོད་གནས་སུ་བཀུར། སྡེ་སྲིད་རྒྱ་གར་དུ་བྱོན་ཤུལ་རྒྱལ་ཚབ་ཀྱང་མཛད། དེ་ནས་ལོ་གཅིག་གི་སྡེ་སྲིད་ཕྱིར་ཕེབས་ནས་ཕན་ཚུན་ཐུགས་བརྩེ་བའི་ངང་ནས་ལྷན་དུ་བཞུགས། སྡེ་སྲིད་ནས་ཙན་དན་སྦྲུལ་སྙིང་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་དང་ཁྲི་རྒྱན་ནབ་བཟའ་ཆ་ཚང་སོགས་ཀྱི་མཆོད་འབུལ་བླ་ན་མེད་པའི་གུས་བཀུར་མཛད་དོ། །དེ་ནས་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཐུབ་བསྟན་གསེར་མདོག་ཅན་དུ་ཕེབས་ཏེ་ལུང་རིགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་གནང་བས་མཁས་པའི་གྲགས་སྙན་གྱིས་ས་གསུམ་བཀང་ཞིང་རྩོད་རྒྱལ་དུ་གྲགས་སོ། །དེར་མཁན་པོ་མཛད་ཅིང་མཁས་གྲགས་ཆེར་རྒྱས་པས་དཔོན་སློབ་ཀྱི་མིང་རྟགས་བཞེས་པ་སོགས་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཡོད་པར་གྲགས། དེ་ཡང་ཡིན་ཏེ།  ཇི་སྐད་དུ། སྔོན་གྱི་སྨོན་ལམ་བཟང་བོའི་རྒྱུད་བསྐུལ་ཏེ། །སྙིང་སྟོབས་བརྩོན་འགྲུས་དྲག་པོ་རབ་བསྐྱེད་དེ། །ཚ་གྲང་བཀྲེས་སྐོམ་དཀའ་བ་ཁྱད་བསད་ནས། །དབུས་གཙང་གཉིས་སུ་བྱོན་ལ་གསོལ་བ་འདེབས། །ཐོས་པར་མ་སྦྱངས་བསྒོམ་པའི་ཆོག་འཛིན་པ། །བླུན་པོའི་ཚིག་དོར་རྒྱལ་བའི་ལུང་བཞིན་དུ། །དཀའ་བ་སྤྱད་ནས་མདོ་སྔགས་གཞུང་ལ་སྦྱངས། །མཁས་པའི་མཆོག་གྱུར་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ།

དེ་ནས་ཁོང་ཉིད་རྒྱ་བལ་ཕྱོགས་སུ་ཕེབས་ནས་ཁོང་གིས་བལ་ཡུལ་མཆོད་རྟེན་ཆེན་མོ་ལ་མཇལ་ཕྱག་དང་གསེར་གྱི་མེ་ཏོག་མང་བོའི་མཆོད་འབུལ་དང་། འཕགས་པ་ཤིང་ཀུན་དང་མཆོད་རྟེན་གོ་མ་ས་ལ་གནྡྷོ་རྣམས་ལའང་མེ་ཏོག་ཙམ་པ་ཀ་མང་བོ་མངོན་པར་གཏོར་བ་སོགས་ཀྱི་བསགས་སྒོ་བཅས་རླབས་པོ་ཆེའི་སྨོན་ཚིག་ཀྱང་བརྩམས་པ་སོགས་ལེགས་ཚོགས་སྒོ་ཐམས་ཅད་ནས་ཡར་ཟླའི་དཔལ་ལ་འགྲན་པར་གྱུར་ཏོ། །དེ་ཡང་ཡིན་ཏེ། ཇི་སྐད་དུ། དགེ་བའི་སྒོ་བརྒྱ་ཐབས་ཚུལ་དུ་མ་ནས། །ཚོགས་མང་བསགས་ཕྱིར་རྒྱ་བལ་ཚུན་ཆོད་ཀྱི། །སྐུ་གསུང་ཐུགས་རྟེན་གནས་མཆོག་ཁྱད་འཕགས་ལ། །ཕྱག་མཆོད་སྨོན་ལམ་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ།

དེ་ནས་ཇོ་ནང་རྟག་བརྟན་དུ་རྒྱལ་ཚབ་རིན་ཆེན་རྒྱ་མཚོ་སྐུ་དངོས་བཞུགས་ཀྱི་དྲུང་དུ་ཁོང་ཉིད་ཕྱིན་ཏེ་རྗེ་རྒྱལ་ཚབ་དེ་ཉིད་ཁོང་གི་དད་གུས་རྒྱ་ཆེན་པོས་བླ་མ་མཆོག་ཏུ་བཀུར་ཞིང་དམ་པ་གང་གི་ཞལ་སྔ་ནས། སྡོམ་པ་གསུམ་རིམ་པར་ནོད་ཅིང་དབང་ལུང་མན་ངག་གི་སྒོ་མང་བོ་ཞིག་གསན་པ་དང་། ཁྱད་པར་ཐེག་མཆོག་དབུ་མ་སོགས་གཞན་སྟོང་གི་རྣམ་བཤད་དུ་མ་ལ་གསན་སྦྱངས་མཛད་ནས་ཁོང་གིས་ཇོ་ནང་དེ་ཉིད་དུ་རྗེ་བཙུན་གྱི་གཞན་སྟོང་དབུ་མའི་རྒྱན་ལ་འགྲེལ་བཤད་ཅིག་ཀྱང་བརྩམས་ཏེ་རྗེ་རྒྱལ་ཚབ་མཆོག་ཉིད་ཀྱིས་འགྲེལ་བཤད་དེ་ལ་གཟིགས་རྟོག་གིས་ཞིབ་ཏིག་ཀྱང་གནང་། དམ་པ་དེ་ཉིད་ཀྱི་དྲུང་ནས་དུས་འཁོར་དང་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ལ་གསན་སྒོམ་མྱོང་རྟགས་ཐོན་ངེས་རེ་དང་། གུར་མགོན་སོགས་མན་ངག་ལས་ཚོགས་ཆེས་མང་ཡང་གསན། དེ་ལྟར་ཆོས་རྗེ་འདི་ཉིད་རྗེ་རྒྱལ་ཚབ་ཀྱི་ཐུགས་སྲས་མཆོག་ཏུ་གྱུར་པ་ཡིན་ཏེ།   རྗེ་འཕྲིན་ལས་དབང་མོའི་རྣམ་ཐར་ལས། རྗེ་བཙུན་དམ་པ་འཇམ་དབྱངས་ཀུན་དགའ་དར་རྒྱས་དང་། འབྲོག་དགེ་ཆོས་རྗེ་ཀུན་དགའ་དཔལ་བཟང་གཉིས་ལ་ཐུགས་སྲས་རྣམ་གཉིས་སུ་གྲགས། ཞེས་གསུངས་པའི་ཕྱིར། དེ་ཡང་ཡིན་ཏེ།  ཇི་སྐད་དུ། རྒྱལ་ཚབ་དམ་པའི་ཞབས་པད་ཉེར་བསྟན་ཏེ། །སྡོམ་གསུམ་རིམ་མནོས་དབང་ལུང་གདམས་པ་གསན། །ཐེག་མཆོག་རྒྱན་སོགས་གཞན་སྟོང་དབུ་མའི་དོན། །གཞུང་དོན་ཇི་བཞིན་མཁྱེན་ལ་གསོལ་བ་འདེབས། །རྒྱུད་སྡེའི་མཐར་ཐུག་འཇིགས་བྱེད་དུས་འཁོར་སོགས། །བསྐྱེད་རིམ་རྣམས་དང་རྫོགས་རིམ་ཡན་ལག་དྲུག །ཉམས་དང་རྟགས་སྣང་དུ་མ་མངོན་གྱུར་པ། །བསྒོམ་དོན་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ། 

དེ་ནས་བདུད་རྩི་ཕུག་ཏུ་རྗེ་བཙུན་རིན་པོ་ཆེའི་ཉེ་གནས་གྲགས་པ་དཔལ་བཟང་གི་མདུན་ནས་ཆོས་རྗེ་འདིས་ཆོས་བཀའ་མང་བོ་ཞུས་ཤིང་ཁྱད་པར་ལྷ་མཆོག་བཀྩེ་ལྕམ་སྲིང་གི་རྗེས་གནང་བཀའ་གཏད་ལས་ཚོགས་སོགས་མང་བོ་གསན་ཚེ་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པའི་རྟགས་མཚན་མངོན་སུམ་དུ་གཟིགས་།   མཁས་གྲུབ་བློ་གྲོས་རྣམ་རྒྱལ་གྱིས་བདེ་མཆོག་ནག་པོའི་དབང་དང་རྭ་བ་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཕྱག་བྲིས་བདེ་མཆོག་དཀྱིལ་ཐང་གནང་ཞིང་མདོ་ཁམས་བསྟན་པའི་སྒྲོན་མེར་མངའ་གསོལ།    སྔོན་རྗེ་བཙུན་སྐུ་གཤེགས་ཁར་ཉིད་ཀྱི་ཆོས་གོས་དང་། མཁན་རིན་ཆེན་རྒྱ་མཚོའི་ཆོས་གོས་གཉིས་ལྷན་དུ་བཞག་ནས་ཕྱིས་སུ་འདིར་ཨ་མདོ་བ་གཉིས་གྲྭ་སར་འོང་བ་ལ་རྟེན་སྐལ་འདི་སྟེར་གསུངས་པ་ལྟར་མཁན་རིན་པོ་ཆེ་ནས་འབྲོག་དགེ་བ་ལ་རྗེ་བཙུན་གྱི་སྐུ་ཆོས་དང་། སྒོ་ཉིན་ཁྱི་གུ་རབ་འབྱམས་པ་ལ་ཉིད་ཀྱི་སྐུ་ཆོས་གནང་ངོ། །རྗེ་བཙུན་ཀུན་དགའ་འཕྲིན་ལས་དབང་མོའི་དྲུང་ནས་གདམས་པའི་གནད་མ་ལུས་པ་ཞུས་ཤིང་། ཁྱད་པར་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་ལག་ལེན་གནང་སྐབས་རྗེ་བཙུན་མ་ཉིད་ཞབས་རྡོ་རྗེ་དཀྱིལ་དཀྲུང་བཅས་ནས་བར་སྣང་ལ་ཡུན་རིང་བཞུགས་པའི་གྲུབ་རྟགས་ཀྱང་བསྟན་པ་ཡིན་ཏེ། ཇི་སྐད་དུ། གྲགས་པ་དཔལ་སོགས་ཡོངས་འཛིན་མང་བསྟེན་ནས། །དབང་ལུང་མན་ངག་གདམས་པ་མཐའ་དག་དང་། །ཕྱི་ནང་ལག་ལེན་ཕྲ་ཞིབ་རྟོགས་དཀའ་ཀུན། །མ་ནོར་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ།

དེ་ནས་རྗེ་བཙུན་མས་བུ་ཁྱོད་མདོ་ཁམས་སུ་ངེས་དོན་བསྟན་པའི་སྒྲོན་མེར་འགྲོ་དགོས་གསུངས། འགྲོ་བ་ལགས། མདོ་སྨད་ཕྱོགས་སུ་ངེས་དོན་གྱི་ཆོས་གཞི་འདེབས་པ་ལ་བཀའ་ལུང་གསལ་བོར་ཞུ་ཞེས་བྱས་ཚེ། རྗེ་བཙུན་མའི་གསུང་ལས། དགོན་པའི་དབྱིབས་དང་ཁྱད་པར་ངོ་མཚར་ཆེ་བ་དགུན་དུས་སུ་མཚོ་ཁར་མེ་ཏོག་རྒྱས་པ་སྙེད། དེར་བུ་ཁྱོད་ཀྱིས་དགོན་པ་ཐོབ་ཅིག་གསུངས། དེ་ནས་ཆོས་རྗེ་ཉིད་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་རྒྱ་ཆེན་པོས་ཉེ་བར་བསྐུལ་ཏེ་མདོ་ཁམས་ཕྱོགས་སུ་ཞབས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བཀོད་དེ་རང་ཡུལ་དུ་ཕེབས་པ་ཡིན་ཏེ།  ཇི་སྐད་དུ།  སྔོན་སྦྱང་ཚོགས་གཉིས་བསགས་པའི་ལམ་ཡངས་པོར། །ལྷག་བསམ་གཞན་དོན་ཤིང་རྟའི་བགྲོད་པ་ཅན། །བསྟན་འགྲོའི་ལས་སྨོན་གྱད་ཀྱིས་ཉེར་དྲངས་ཏེ། །མདོ་ཁམས་ཕྱོགས་སུ་ཕེབས་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ། 

སྤྱིར་ཆོས་རྗེ་དགུང་གྲངས་བཅུ་གཉིས་སུ་སོན་པའི་ལྕགས་འབྲུག་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཁྲུངས་པ་དང་། དགུང་གྲངས་བཅུ་གསུམ་ལྕགས་སྦྲུལ་ལོར་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་གི་རྒྱལ་སྲིད་ལ་ཉམས་ཉེས་ཆེ་བ་སོང་བ་དང་། དགུང་གྲངས་བཅུ་བཞི་ཆུ་རྟ་ལ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་རྒྱལ་བཟུང་ཞིང་། བོད་ཁྲི་སྐོར་བཅུ་གསུམ་རྒྱལ་དབང་ལྔ་བ་ལ་ཕུལ་ཏེ་བོད་ཡོངས་ཀྱི་ཆོས་སྲིད་ཀྱི་དབང་བསྒྱུར། དགུང་གྲངས་ཉི་ཤུ་རུ་སོན་པའི་ས་བྱི་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་འཁྲུངས་པ་དང་། དགུང་གྲངས་ཉེར་གཉིས་སུ་སོན་པའི་ལྕགས་སྟག་ལ་རྒྱལ་དབང་ལྔ་བས་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་ཞེས་པའི་མིང་སྤོས་ཏེ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས་ཏེ་དགེ་ལུགས་སུ་བསྒྱུར་བ་འདི་དག་དུས་མཚུངས། འདི་སྐབས་སུ་རྗེ་བཙུན་ཐམས་ཅད་མཁྱེན་པ་སྐུ་ཞི་བར་གཤེགས་ནས་ལོ་བཅུ་དྲུག་ཙམ་སོང་འདུག་གོ།   

    དེ་ནས་གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་དུ་ཕེབས་ནས་ཀུན་མཁྱེན་རྒྱལ་བའི་ལུགས་བཟང་མི་ནུབ་པའི་རྒྱལ་མཚན་ཅི་ཡང་བསྒྲེང་སྟེ་བསོད་ནམས་ཀྱི་སྐལ་བ་དང་ལྡན་པ་རྣམས་ཀྱི་དཔལ་དུ་བཞུགས་སོ། །དེ་རྗེས་ཐོག་མར་དགོན་སྲིབ་ཏུ་ཆོས་གཞི་བཙུགས་ཏེ་རྟེན་བཞེངས་སོགས་མཛད། སླད་ནས་ཕེབས་བཞུད་གནང་ཚེ་ན་ཆུའི་ཁར་དགུན་དུས་སུ་མེ་ཏོག་གསར་བ་མང་བོ་གཟིགས་པས་ཐུགས་ཤིན་ཏུ་དགྱེས་ཤིང་བླ་མས་ལུང་བསྟན་པའི་གནས་དང་འཕྲད་པ་ནི་ལྷ་དང་བླ་མའི་ཐུགས་རྗེ་དང་སྔོན་བསགས་ཀྱི་བསོད་ནམས་ཀྱི་དཔལ་ལས་བྱུང་བ་ཡིན་པས་ཆེས་ཤིན་ཏུ་ཡ་མཚན་པའི་གནས་སུ་དགོངས་ཏེ་ཞབས་ཟུང་དེར་ཕེབས་ཏེ་སྨོན་ལམ་རྒྱ་ཆེར་བཏབ་པས་རྟགས་མཚན་ཕུན་སུམ་ཚོགས་པ་བྱུང་ངོ་། །དེར་ཆོས་གཞི་དགོན་གནས་རབ་བྱུང་༡༡པའི་བགྲང་བྱ་༥༣སྟེ་སྤྱི་ལོ་༡༦༧༩ས་མོ་ལུག་གི་ལོར་ཆབཏབ་ནང་རྟེན་བྱམས་ཆེན་སོགས་རྟེན་གསུམ་མང་བོ་བཞེངས། དཔལ་ཚེས་ཁ་བསམ་འགྲུབ་གླིང་ཞེས་མཚན་གསོལ་ཏེ་ངེས་གསང་ཟབ་མོའི་སྒྲུབ་བརྒྱུད་གཙོ་བོར་བྱས་ནས་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་དབུ་བརྙེས་པ་ཡིན་ནོ། །འདུ་ཁང་བཞེངས་ཚུལ་དང་དེར་རྟེན་གསུམ་མང་བོ་བཞུགས་ཚུལ་སོགས་མང་དུ་དོགས་ནས་འདིར་མ་བྲིས། ཆོས་རྗེ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོ་མི་དབང་ཆེ་དགུ་རྣམས་གྱི་གཙུག་གི་རྒྱན་བཞིན་དུ་བསྟེན་ནས་དེ་དག་གི་གཙོས་འདུས་པ་སྟོང་ཕྲག་གི་གྲངས་ལས་བརྒལ་ཞིང་ཀུན་གྱིས་སྤྲོ་དགའི་ངང་ནས་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་བཟོ་དབྱིབས་དང་མཐུན་པར་འོག་མིན་བསམ་འགྲུབ་ཆོས་ཀྱི་ཕོ་བྲང་ལེགས་བཞེངས་གྲུབ་རྗེས། རབ་གནས་བྱས་སྐབས་མཁའ་དབྱིངས་འཇའ་འོད་འཁྲིགས་པའི་གསེབ་ནས་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིགས་ལྔའི་ལྷ་རྣམས་ཀྱིས་དབང་བསྐུར། རིགས་མ་རྣམས་ཀྱིས་གླུ་བླངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་སོགས་ངོ་མཚར་བའི་དཔལ་ཡོན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་ཡང་ཡིན་ཏེ།  ཇི་སྐད་དུ། གཞན་ཡང་ཟབ་དོན་འཆད་རྩོད་སྒོམ་པ་དང་། །རྨད་བྱུང་སྐུ་གསུང་ཐུགས་རྟེན་བཞེངས་ལ་སོགས། །སྤྲོས་བཅས་དགེ་ལས་མཐའ་དེ་བརྗོད་ནུས་སུ། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ།  

 

དེ་ལྟ་བུའི་རླབས་ཆེན་གྱི་མཛད་འཕྲིན་ཕུན་སུམ་ཚོགས་པས། ཆོས་སྲིད་ཟུང་འབྲེལ་གྱི་དཔལ་ལ་མངའ་དབང་བསྒྱུར་བའི་གྲགས་སྙན་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་ལ་ཁྱབ་པས་མི་དབང་ཆེ་དགུ་འབངས་སྡེ་མང་བོས་ཀྱང་གུས་འདུད་ཞུས་ཤིང་སྐྱེས་འབུལ་མཛད་དོ། །ཆོས་རྗེ་ཉིད་ལ་སངས་རྒྱས་བྱང་སེམས་མང་བོ་དང་ཁྱད་པར་རྒྱལ་བ་ཚེ་འཛིན་དབང་བོའི་ཞལ་གཟིགས་ཀྱིས་སྐུ་ཚེའི་ཚད་དང་ཕྱི་མ་སྐྱེ་འགྱུར་སོགས་བསླུ་མེད་ལུང་བསྟན་དུས་སུ་བྱུང་། ཁོང་ཉིད་ཀྱིས་ཆོས་སྐྱོང་གུར་མགོན་དང་གནོད་སྦྱིན་བཀྩེ་ལྕམ་སྲིང་ཅི་འདོད་ཀྱི་བྲན་དུ་བཀོལ་ཞིང་། རྣལ་འབྱོར་ཡན་ལག་དྲུག་གི་རྟོགས་པ་མཐར་ཕྱིན་པའི་ངེས་དོན་དབུ་མའི་ལྟ་གྲུབ་འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་མཆོག་མདོ་སྨད་ཕྱོགས་འདིར་མཛད་པ་རླབས་ཆེ་བས་ངེས་པ་དོན་གྱི་བསྟན་པ་ཆེས་དར་རྒྱས་སུ་བྱེད་པ་སྟེ། མཐར་ཁོང་ཉིད་རབ་བྱུང་བཅུ་གཉིས་པའི་འཛིན་བྱེད་ཅེས་པ་མེ་བྱི་སྤྱི་ལོ་༡༦༩༦ལོར་དགུང་གྲངས་རེ་བརྒྱད་དུ་སོན་པའི་ལོ་དེའི་དཔྱིད་ཟླ་ར་བའི་ཚེས་གཉིས་ལ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཞི་བར་གཤེགས་སོ། །སྤྱིར་ཆོས་རྗེ་འདི་བའི་དགུང་གྲངས་རེ་དྲུག་ཏུ་སོན་པའི་ཤིང་ཁྱིའི་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་མཆོད་ཁང་དམར་བོ་དགུ་ཐོག་བརྩིགས་པ་དང་། རྗེ་འདི་ཉིད་ཞིང་དུ་གཤེགས་པའི་ཕྱི་ལོ་མེ་གླང་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རབ་བྱུང་མཛད་པ་སོགས་དང་དུས་མཚུངས་སོ། །རྗེ་འདི་ལ་སློབ་ཚོགས་གང་གཱའི་རྡུལ་ལས་འདས་པ་ཞིག་བྱོན་པ་ལས་ཐུགས་སྲས་བུ་ཆེན་བཞི་ནི། མཁར་བླ་ཀུན་དགའ་དར་རྒྱས། ཚ་ཀོ་ཡེ་ཤེས་རྒྱ་མཚོ། སོག་པོ་བཀྲ་ཤིས་རྒྱ་མཚོ། ཨ་དཔའ་འཇམ་དབྱངས་བསྟན་འཛིན་རྣམས་སོ། །གཞན་ཡང་སྐུ་དབོན་ཆོས་སྐྱོང་དོན་འགྲུབ། དབོན་ཡོན་ཏན་ལྷུན་གྲུབ་སོགས་སྐུ་ཚ་གྲགས་ཆེན་རྣམས་སོ།